[001A]༄༅། །རྟེན་གསར་བཞེངས་ཀྱི་དཀར་ཆག་རྒྱབ་ཡིག་གི་སྐོར་རྣམས་བཞུགས་སོ། ། [001B] །ཨོཾ་སསྟི། འཆི་མེད་བཏུང་བ་ལ་འགྲན་མཆོད་ཡོན་ཆེ། །རབ་འཁྱིལ་ཡོལ་གོ་འདི་བ་སྐྲུན་དགེ་བ་འདིས། །བསླབ་གསུམ་ལྡན་པའི་འདུས་པའི་སྡེ་ཆེན་པོ། །ཐུགས་མཐུན་ཁྲིམས་ གཙང་བཤད་སྒྲུབ་རབ་འཕེལ་ཤོག་སརྦ་ཛ་ག་ཏཾ། ཞེས་པ་འདི་ནི་བདེ་འབྱོར་བཀྲ་ཤིས་དགའ་ལྡན་གྱི་བླ་མ་གྲང་མོ་ཆེ་བ་མི་ཚན་གྱི་གྲྭ་རིགས་དྲུང་རམ་པ་བློ་བཟང་བསམ་གཏན་དང། དབུ་མཛད། ཆོས་ཁྲིམས་པ་གསུམ་ནས་རྒྱུ་ཡོན་ སྦྱར་ཏེ་བདེ་འབྱར་བཀྲ་ཤིས་དགའ་ལྡན་གྱི་འདུས་པ་རྒྱ་མཚོར་ལྗོན་དམར་ལས་བསྐྲུན་པའི་ལྟི་རི་ཆ་བཞི་འབུལ་སྦྱོར་བྱས་པའི་ཞལ་བྱང་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་བསྐུ་ལ་བལྟར། ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་ བའོ༑༑ དགེ་ལེགས་འཕེལ།། ༈ །།ན་མོ་བཛྲ་བཧཻ་ར་ཝཱ་ཡ། གཤིན་རྗེ་གཤེད་ནག་བླ་མ་ཁྲོ་བའི་རྒྱལ། །དཔལ་ལྡན་ལག་པ་བརྒྱ་ཡིས་གར་མཛད་པ། །ཧ་ལ་ཧ་ལ་གདོང་བརྒྱ་བཞད་པའི་སྐུ། ། [002A]༄༅། །འཇིགས་མཛད་རྡོ་རྗེ་ཀྱེ་ཀྱེ་དགྱེས་པས་སྦྱོན། །ཚངས་པའི་ཡུལ་ས་གནོན་པའི་རབ་འབར་བྲོ། །ཀེང་རུས་མཆེ་བ་རབ་གཙིགས་ཧཱུཾ་ཧཱུཾ་བརྡུང། །ས་ཡི་དཀྱིལ་འཁོར་བཞི་ཡི་རྨོངས་པའི་འཁྲུལ་ ཧྲཱིཥྵིའི་ང་རོ་སྒྲོག་པས་ཀུན་ནས་གཅོད། །རྡོ་རྗེ་འཇིགས་བྱེད་ཕྱི་ནང་གསང་བ་ཡི། །མཆོད་པ་དེ་ཁོ་ན་ཡི་དབྱིངས་བཞེས་ལ། །བདེ་སྟོང་ཟུང་འཇུག་ངེས་དོན་གཤིན་རྗེའི་གཤེད། །གཟུངས་རྣམས་གཟུགས་སུ་ཤར་ བའི་རྟེན་འདིར་བཞུགས། །ཞི་རྒྱས་དབང་དྲག་རབ་འབྱམས་ལས་རྣམས་དང། །རལ་གྲི་མིག་སྨན་ལ་སོགས་གྲུབ་ཆེན་བརྒྱད། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལུགས་རྣམས། །བདེ་བླག་ཉིད་དུ་རྟོགས་པའི་དངོས་ གྲུབ་སྩོལ། །རྗེ་བཙུན་བློ་བཟང་རྒྱལ་བ་གཉིས་པ་ཡི། །བསྟན་པའི་དཔལ་ལྡན་ཡེ་ཤེས་སྒྱུ་འཕྲུལ་ཆེ། །ཞབས་པད་འཇིག་བྲལ་རྡོ་རྗེའི་ཁམས་ལྟ་བུར། །རབ་ཏུ་བརྟན་པའི་དངོས་གྲུབ་བླ་མེད་སྩོལ། །བློ་གྲོས་དགེ་ མཚན་འབུམ་ཕྲག་ཡོངས་འབབ་བའི། །མཛད་བཟང་འོད་དཀར་རབ་འཕྲོས་དཔལ་ཡོན་གྱིས། །འགྲོ་ལ་ཕན་བདེ་སྦྱིན་པའི་མགོན་པོ་གང། །ཞབས་བརྟན་འཕྲིན་ལས་རབ་རྒྱས་དངོས་གྲུབ་སྩོལ། །ཕྱོགས་ལས་རྣམ་ [002B] །བརྡུངས་བས་དགའ་ལྡན་བཤད་སྒྲུབ་བདེ་ཆེན་དབྱངས། །རབ་ཏུ་རྒྱས་མཛད་འདུས་སྡེ་སྲིད་མཐའི་བར། །བཤད་སྒྲུབ་བསླབ་པ་གསུམ་གྱིས་རབ་རྒྱས་མཛོད། །རྣལ་འབྱོར་བདག་ཅག་དུས་དང་གནས་སྐབས་ཀུན། །འབར་བའི་འོད་ཟེར་ རྡོ་རྗེའི་གུར་ཁང་གིས། །ཡོངས་སུ་བསྐྱབ་ཅིང་རིག་སྔགས་ཕྱག་རྒྱ་ཆེའི། །དངོས་གྲུབ་རྒྱ་མཚོ་ད་ལྟ་ཉིད་དུ་སྩོལ། །ཕ་རོལ་རིག་སྔགས་བྱད་སྟེམས་བསམ་སྦྱོར་ངན། །མ་ལུས་ཁྱོད་མཚན་རྡོ་རྗེའི་ཤུགས་ཆེན་པོས། །གནམ་ལྕགས་འབར་བས་གྲོག་སྦུར་ཕྲ་མོ་ བཞིན། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཇོད། །སྐུ་གསུམ་ལྷུན་གྲུབ་རླུང་སེམས་དབྱེར་མེད་ཁམས། །སྒྱུ་འཕྲུལ་རྡོ་རྗེ་འཇིགས་མཛད་དཔའ་བོའི་གར། །ཚེ་འདིར་མངོན་གྱུར་མ་རྒན་འགྲོ་བ་ཀུན། །ཐམས་ཅད་གཟིགས་པའི་དཔལ་དེར་འགོད་གྱུར་ ཅིག༑ ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་བསྟོད་པ་འདི་ནི་ཤོད་གསོལ་དཔོན་རྗེ་དྲུང་བློ་བཟང་རྒྱལ་མཚན་ནས་དགའ་ལྡན་བདེ་ཆེན་རབ་རྒྱས་གླིང་འདུས་སྡེའི་ཐུགས་དམ་རྟེན་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྣང་བརྙན་གསར་བཞེངས་ཀྱིས་ལེགས་པར་བསྐྲུན་ཏེ་ཕུལ་སྐབས་གཟུངས་གཞུག་དང་ འདུས་སྡེའི་ཞལ་འདོན་དུ་མཛད་ཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར། ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། དགེ་ལེགས་འཕེལ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག་རྒྱལ་ཀུན་གསུང་ གི་བདུད་རྩི་འོད་མཐའ་ཡས། །ཞིང་མཆོག་དམིགས་པའི་རྟེན་འདིར་ཉེར་བཞུགས་ལ། །ཕ་རོལ་གྱུར་པ་ཚེ་དབང་དར་རྒྱས་གང། །པདྨོ་ལས་སྐྱེས་རྫོགས་སངས་རྒྱས་ཐོབ་མཛོད། །སརྦ་ཛ་ག་ཏཾ།། །།སསྟི༑ ཐུགས་རྗེའི་གཏེར་གྱུར་རྒྱལ་ཡུམ་སྒྲོལ་ [003A]༄༅། །མ་ཆེས། །དུས་འདས་ཚེ་དབང་དར་རྒྱས་འཁོར་པ་ཡི། །འཇིགས་ཆེན་ལས་སྒྲོལ་སྒྲིབ་གཉིས་ཀུན་བྱང་ནས། །སྐུ་བཞིའི་དབང་ཕྱུག་ཐོབ་པར་བྱིན་གྱིས་རློབས།། མངྒ་ལཾ། ཞེས་པ་འདི་ནི་དུས་འདས་ཚེ་དབང་དར་རྒྱས་ཀྱི་ཆེད་དུ་བདེ་བ་ཅན་གྱི་ཞིང་བཀོད་དང་ འཕགས་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ཐང་སྐུ་བཞེངས་སྐབས་རྒྱབ་ཡིག་ཏུ་བསྐུལ་བ་ལྟར། ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ །།ཨོཾ་ཨཱཧཱུཾ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང། །བསྟན་བསྲུང་རྒྱ་མཚོ་རྟེན་འདིར་བརྟན་བཞུགས་ ལ༑༑ འདུས་སྡེ་རབ་རྒྱས་སྟེང་འོག་བར་གསུམ་གྱི། །གདོན་བགེགས་འབྱུང་པོའི་གནོད་བཞི་བར་མཛོད།། མངྒ་ལཾ། ཞེས་པ་འདི་ནི་འོད་ཡུག་བྲག་དཀར་ཆོས་འཁོར་དཔལ་ལྡན་ལྟ་རྩེའི་འདུས་སྡེའི་ཐུགས་དམ་རྟེན་གྱི་ཐང་སྐུའི་རྒྱབ་ཡིག་ཏུ་བསྐུལ་བ་ལྟར། ་ཤཱཀྱའི་དགེ་སློང་བློ་བཟང་ དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ །།ཨོཾ་སསྟི། ཚེ་དང་ཡེ་ཤེས་སྩོལ་མཛད་རྣམ་རྒྱལ་ལྷ། །རབ་འབྱམས་རྒྱལ་བར་བཅས་པ་རྟེན་འདི་ལ། །བརྟན་པར་བཞུགས་ནས་རྣལ་འབྱོར་བདག་ཅག་གི་ཚེ་དཔལ་མངའ་ཐང་ལོངས་སྤྱོད་འཕེལ་བར་ མཛོད།། མངྒ་ལཾ། ཞེས་པ་འདི་ནི་མི་ལ་ཞབས་དྲུང་བསྐལ་བཟང་ལྷུན་གྲུབ་ཀྱིས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ །།ཧཱུཾ༑ དཔལ་ལྡན་སྲིད་ཞིའི་འཁྲུལ་པ་ཀུན་འཇོམས་གར། །ཏྲཱིཥྚཱིའི་སྔགས་དང་ལྷན་ཅིག་ ཧཱུཾ་ཧཱུཾ་ཆེས། །བརྡུངས་བས་མ་རུངས་ཀུན་རྟོག་བདུད་ཀྱི་མགོ་གཅོད་མཛད་དཔའ་བོ་རྡོ་རྗེ་འཇིགས་མཛད་ཆེ། །འདིར་བཞུགས་ས་གཡོ་ནད་མུག་ཕ་རོལ་དཔུང། །བདུད་དང་རྒྱལ་པོ་མི་མིན་འབྱུང་པོའི་ཚོགས། །ཆེམ་ཆེམ་འོད་གསལ་དུ་རོལ་འཇིག་རྟེན་ [003B] ༑འཇིག་རྟེན་འདས་པའི་དངོས་གྲུབ་བདེ་བླག་སྩོལ། །བཻརིན་ཆེན་གཏེར་བུམ་འདོད་དགུའི་ཞལ། །ཕྱེ་ནས་ཟད་མེད་ནོར་གྱི་དབྱིག་བདག་ཁྱིམ་བང་མཇོད་ཡུལ་འཁོར་རྣམས། །ཀུན་ནས་རྟག་ཏུ་གང་བར་མཛོད། ཅེས་པ་འདི་ནི་ཏྲེ་བོ་བྲག་མགོ་དཔོན་ཚེ་ བརྟན་ནོར་བུ་དང་དབང་རྒྱལ་ཚེ་བརྟན་གཉིས་ཀྱིས་ཐང་སྐུའི་རྒྱབ་ཡིག་འདོད་གསོལ་སྨོན་ཚིག་ཏུ་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ །།ཨོཾ་སསྟི། གང་གི་མཚན་ཙམ་དཔེ་བྱད་གཟི་བྱིན་གྱིས། །ཕྱི་ནང་རྒུད་པའི་དམག་ཚོགས་དྲུངས་ འབྱིན་ཅིང། །འཇིག་རྟེན་འཇིག་རྟེན་ལས་འདས་དགེ་ལེགས་རྣམས། །སྩོལ་མཛད་ཐུབ་དབང་ལྷ་ཡི་ལྷ་དེས་སྐྱོངས། །མགོན་ཁྱོད་གསང་གསུམ་སྒྱུ་འཕྲུལ་རོལ་པ་ལས། །འཇམ་དཔལ་གཞོན་ནུ་བླ་གོས་ཕང་ཕུང་གིས། །ཀླུབས་པའི་བློ་བཟང་རྒྱལ་བ་གཉིས་ པ་ཡི༑ ༑ཞབས་སེན་འོད་ཆགས་བདག་གི་སྤྱི་བོར་ཞོག་མགོན་ཁྱོད་གསུང་གི་གསང་བ་མ་ལུས་པ། །འཛིན་མཛད་འཕགས་མཆོག་ཕྱག་ན་པདྨ་དང། །སྣང་མཐའི་ངོ་བོ་པཎ་ཆེན་ཆོས་ཀྱི་རྗེའི། །ཞབས་རྡུལ་ཚེ་རབས་ཀུན་ཏུ་མཆོད་པར་བགྱི། །བླ་མ་ མཆོག་རྣམས་དགྱེས་པའི་འཛུམ་ཞལ་གྱིས། །འདབ་བརྒྱ་བཞད་ལས་ལེགས་བཤད་སྦྲང་རྩིའི་ཆར། །ཕབ་ནས་མཆོག་དང་མཐུན་མོང་དངོས་གྲུབ་གྱི། དགའ་སྟོན་ཆེན་པོ་རྒྱུན་ཆད་མེད་པར་སྩོལ། །དེ་ཡི་མཐུ་ལས་རྨོངས་བྱེད་ཕྲ་རགས་ཀུན། །དྲུང་ནས་ ཕྱུངས་ཏེ་བདག་མེད་རྟོགས་པའི་བློའི། །ཏིང་འཛིན་བརྟན་བ་འགྲུབ་སྟེ་ས་ལམ་གྱི། །བགྲོད་པ་མ་ལུས་མྱུར་དུ་མཐར་ཕྱིན་ཤོག་སྟོབས་བཅུ་མངའ་བའི་གོ་འཕང་བླ་ན་མེད། །ཐོབ་ནས་མཁའ་མཉམ་མར་གྱུར་འགྲོ་བ་ཀུན། །སྲིད་པའི་རྒྱ་མཚོ་ཆེ་ལས་རབ་ [004A]༄༅། །བསྒྲལ་ཏེ། །ཐེག་མཆོག་མྱང་འདས་གནས་སུ་འཁྲིད་ནུས་ཤོག་གནས་སྐབས་ཚེ་རིང་ནད་མེད་བདེ་སྐྱིད་དང། །དཔལ་འབྱོར་ལེགས་ཚོགས་ཡར་ངོའི་ཟླ་བཞིན་འཕེལ། །ཡིད་ལ་ཇི་ལྟར་སྨོན་པའི་དོན་ཐམས་ཅད། །བདེ་བླག་ཉིད་དུ་འགྲུབ་ པའི་བཀྲ་ཤིས་སྩོལ། །རིན་ཆེན་དང་གཉིས་ལས་གྲུབ་རྒྱལ་བའི་བཀའ། །བཞེངས་ནས་ཕྱག་འཚལ་མཆོད་བསྟོད་བཀླགས་པ་སོགས། །བགྱིས་པའི་དགེ་འདིས་སྟོབས་བཅུ་མངའ་བ་ཡི། །གོ་འཕང་བདེ་བླག་ཉིད་དུ་ཐོབ་པར་ཤོག་ །ཅེས་པ་འདི་ནི་འབའ་སྣེ་ པ་ཕུན་ཚོགས་ཆོས་འཕེལ་གྱིས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ། །དགེ་ལེགས་འཕེལ།། ༈ །།ཨོཾ་སསྟི། ཟས་གཙང་སྲས་ཀྱི་གསུང་རབ་སྙིང་པོའི་དོ་ན། །སོ་ཐར་ཚུལ་ཁྲིམས་རིན་ཆེན་འབྱུང་བའི་གཏེར། །གླེགས་བམ་ལེགས་ བཞེངས་དགེ་བའི་རྩ་བ་ངེས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཤོག་འདི་ལ་མཐུན་རྒྱན་བགྱིས་པའི་སྐྱེས་བུའི་ཚོགས། །དེ་དག་ཀུན་ཀྱང་གནས་སྐབས་ཚེ་རིང་ཞིང། །མཐར་ཐུག་རྫོགས་པའི་སངས་རྒྱས་གོ་འཕང་མཆོག་བདེ་བླག་ཉིད་ དུ་འགྲུབ་པའི་རྒྱུར་གྱུར་ཅིག་ །ཅེས་པ་འདི་ནི་འདུལ་བའི་གླེགས་བམ་པོ་ཏི་བཅུ་གསུམ་བཞེངས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག་གོ། ༈ །།ཨོཾ་སསྟི། ཀུན་རྟོག་གཡོ་བའི་དྲི་བཞོན་སྡེ་དང་བཅས། །མ་ལུས་སྐད་ཅིག་ཉིད་ལ་དྲུངས་ཕྱུང་སྟེ། །རྡོ་རྗེ་འཆང་དབང་ཚེ་འདིར་ མངོན་འགྱུར་བའི། །གསུང་རབ་འདི་བཞེངས་དགེ་བའི་རྩ་བ་དེས། །ནམ་མཁའི་མཐས་གཏུགས་མར་གྱུར་འགྲོ་བའི་དོན། །བདེ་བླག་འགྲུབ་ཕྱིར་བླ་མེད་རྫོགས་བྱང་གི་གོ་འཕང་དམ་པ་ཚེ་འདིར་མངོན་བྱས་ནས། །སེམས་ཅན་མ་ལུས་འདྲེན་པའི་དཔལ་གྱུར་ཅིག་ [004B] །ཚུལ་འདི་རྣམས་རབ་འབྱམས་པ་བསོད་ནམས་རྒྱལ་མཚན་གྱིས་འདུལ་ལུང་པོ་ཏི་བཅུ་གསུམ་དང་རྒྱུད་འབུམ་བོ་ཏི་ཉེར་གསུམ་བཞེངས་ཤིང་དཔོན་ཡེ་ཤེས་སངས་རྒྱས་དང་སྦུ་ཡན་ཐུ་གཉིས་ནས་མཐུན་རྐྱེན་ལེགས་པར་སྦྱར་བའི་ དགེ་བའི་རྩ་བ་རྫོགས་བྱང་དུ་བསྔོ་ཐབས་སུ་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བ་ཛ་ག་ཏཾ།། ༈ །།ཨོཾ་སསྟི། ཀུན་བཟང་མཆོད་སྤྲིན་ལས་བྱུང་ཞིང་བརྒྱའི་ཁྱོན། །འོད་ཀྱིས་འགེངས་བྱེད་སྣང་གསལ་འདི་ཕུལ་བས། །མ་རིག་སྒྲིབ་ གཉིས་མུན་སྟུག་ཀུན་སངས་ཏེ། །ཀུན་མཁྱེན་ཡེ་ཤེས་སྣང་བ་མཆོག་ཐོབ་ཤོག་དགེ་ལེགས་འཕེལ། ཞེས་བ་འདི་ནི་ཆོས་ཀྱི་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གནས་མཆོག་ཏུ་བཞུགས་པའི་ཁམས་གསུམ་ཚོས་ཀྱི་རྒྱལ་པོ་་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་ཡེ་ ཤེས་སྒྱུ་འཕྲལ་གྱིས་རོལ་པ་ལས་བྱུང་བའི་དཔག་བསམ་མཆོད་སྡོང་ཆེན་པོའི་མཆོད་སྤྲིན་དུ་དངུལ་སྲང་ཆེན་བརྒྱ་བདུན་ཅུ་ལས་གྲུབ་པའི་མར་མེའི་སྣོད་ཉིན་མཚན་ཁོར་ཡུག་གི་མཆོད་པའི་ཐེབས་དང་བཅས་ཏེ་སྤྲོས་པའི་སྐབས་་དགེ་སློང་བློ་བཟང་དང་ལ་ལྡན་ཡེ་ཤེས་ཀྱིས་ཞལ་བྱང་དུ་ལེགས་པར་སྨོན་ལམ་བཏབ་སྟེ་ ཕུལ་བའོ།། །།སསྟི་ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མད་དལ་འགྲོའི་རྒྱུན་འདི་སྤེལ། །མངྒ་ལཾ།། །།